黄南藏文报ཀུན་གསལ་མེ་ལོང་། དྲན་ཐོ་ཁྱུང་གཤོག་ལྡེམ་པ།

第A4版:ཀུན་གསལ་མེ་ལོང་། PDF原版PDF原版
pdf阅读器免费下载 版面导航
声明
3上一篇 下一篇4 2020 年 09 月 04 日 星期五   04

དྲན་ཐོ་ཁྱུང་གཤོག་ལྡེམ་པ།

གཟའ་སྔོན་མར་མཐུད་པ།

作者: ཚེ་རིང་དོན་གྲུབ།

(གཟའ་སྔོན་མར་མཐུད་པ)

2016ལོའི་དབྱར་ཁར་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་དང་ཧི་ནན་སོག་རིགས་རང་སྐྱོང་རྫོང་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་འབྲེལ་སྒོས་གཉེར་བའི་མཚོ་སྔོན་རྒྱལ་སྤྱིའི་སྙན་ངག་དུས་ཆེན་སྐབས་གསུམ་པ་ཧི་ནན་རྫོང་དུ་འཚོགས་ཤིང་། རྫོང་དཔོན་ཨ་ཁྱུང་གིས་རྫོང་གི་རིག་གནས་ལོ་རྒྱུས་ངོ་སྤྲོད་བྱས། རྒྱལ་ཁབ་ཉི་ཤུ་ལྷག་གི་སྙན་ངག་པ་བརྒྱ་ལྷག་གིས“ཆུ་དང་གཙང་པོ་སྟེ་འགྲོ་བ་མིའི་ཚེ་སྲོག་གི་འབྱུང་ཁུངས་དང་སྙན་ངག”ཅེས་པ་བརྗོད་དོན་དུ་བཟུང་སྟེ་སྐད་རིགས་མང་པོའི་ལམ་ནས་སྙན་ངག་གྱེར་འདོན་སོགས་ཀྱི་བྱ་འགུལ་སྤེལ། ང་ལ་སྙན་ངག་ཟེར་ན་ཁྭ་ཏ་མདའ་ཡིན་པས་ཐེངས་འདིར་ཨ་ཁྱུང་གིས་ང་ལ་ལས་ཀ་བཀོད་སྒྲིག་མ་བྱས་ནའང་མཚོ་སྔོན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་མེ་སྒྲོན་གྱིས་ཁྱོད་རང་ས་དེའི་མི་ཡིན་པས་ཚོགས་འདུ་ལ་རོགས་བྱེད་དགོས་ཟེར་བས་དགུན་འཁྱག་དུས་སུ་ཟི་ལིང་ནས་ཕ་ཡུལ་ལ་ལོག་སྟེ་ཚོགས་འདུ་འཚོགས་སའི་ཡུལ་དངོས་ལ་ལམ་ཁྲིད་དང་ལྟ་རོགས་བྱས་ཤིང་། ཚོགས་འདུའི་སྐབས་སུ་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་རྫོང་སྲིད་གཞུང་གིས་ང་ཡང་ཟུར་ཞུགས་པར་གདན་དྲངས། འདི་ནི་ཧི་ནན་རྫོང་གི་ལོ་རྒྱུས་སྟེང་རྒྱལ་སྤྱིའི་ཚོགས་འདུ་འཚོགས་པ་ཐེངས་དང་པོ་ཡིན་པས་གཞུང་ཕྱོགས་ཀྱི་སྐད་ཆ་ལྟར་ན་དེབ་ཐེར་དུ་འབྲི་རིན་ཡོད་པ་ཞིག་རེད།

ལོ་འདིར་ངས་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཆབ་བྲག་མགོན་པོ་སྐྱབས་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་སྙན་ངག་མཁན་བདེ་སྐྱིད་སྒྲོལ་མ། སྒྲུང་གཏམ་གྲགས་ཅན《རྟ་ནག་སྒྲོག་འགྲོས》ཀྱི་རྩོམ་པ་པོ་ལྷུན་འགྲུབ་ལགས་ཀྱི་གཉེན་ཉེ་གཙོ་བོ། ཁོང་གི་རུ་སྡེའི(གཡུ་སྒང་ཉིན་གྲོང་རྡལ་ཅུ་རིམ་འབྲོག་ཨུ)མགོ་ཁྲིད་བཅས་ལ་གྲོས་བྱས་རྗེས་ལྷུན་འགྲུབ་ལགས་སྐུ་འཁྲུངས་ནས་ལོ་འཁོར་བརྒྱད་ཅུ(དོན་དངོས་སུ་བརྒྱད་ཅུ་གྱ་གཅིག་ཡིན་འདུག)ལོན་པར་རྗེས་དྲན་ཚོགས་འདུ་ཞིག་བསྡུས་པ་དང་། དེར་སྙན་ངག་པ་གྲགས་ཆེན་འཇུ་སྐལ་བཟང་དང་སྒྲུང་གཏམ་པ་རིག་ལྡན་རྒྱ་མཚོ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ནམ་རྩོམ་རིག་དཔྱད་བརྗོད་པ་བཙུན་པོ་དོན་འགྲུབ་བཅས་ལྷུན་འགྲུབ་ལགས་ཀྱི་ཕ་ཡུལ་ཧི་ནན་རྫོང་དུ་གདན་དྲངས། ང་རང་ཟི་ལིང་ནས་ཕ་ཡུལ་ལ་སླེབས་རྗེས་ལོབས་སྲོལ་ལྟར་ཨ་ཁྱུང་གི་སར་སོང་སྟེ་ཁ་བརྡ་འདྲ་མིན་བྱས། ཨ་ཁྱུང་གིས་ང་ད་ཐེངས་ཕ་ཡུལ་དུ་ཡོང་དོན་ཤེས་རྗེས་སྐབས་དེར་རིག་གནས་སློབ་གསོ་འཛིན་བཞིན་པའི་རྫོང་དཔོན་གཞོན་པ་བོས་ཏེ་ང་ལ་ཚོགས་འདུ་འདིའི་གྲོན་དངུལ་བྱིན་ཞེས་གདམས། ངས་ཨ་ཁྱུང་ལ་སྒོར་མོ་བསླངས་མ་མྱོང་བར་མ་ཟད་དེ་སྔོན་ཁོས“ཁྱོད་ལ《ཧི་ནན་རྫོང་གི་ལོ་རེའི་དོན་གསལ་མེ་ལོང》གི་རྩོམ་ཡོན་བྱིན་པ་ཉུང་འདུག (ཡིག་འབྲུ་སྟོང་རེར་སྒོར་མོ་བརྒྱ་རེ)ཡར་ཞུ་ཞིག་ཕྲིས་དང་ཅུང་ཙམ་ཁ་གསབ་བྱེད”ཅེས་བཤད་ནའང་ངས་མི་དགོས་ཞེས་མ་བླངས་མོད། འོན་ཀྱང་ད་ཐེངས་སྒོར་མོ་ཅུང་ཙམ་ཡོད་ན་ཐག་རིང་ནས་གདན་འདྲེན་ཞུས་པའི་སྐུ་མགྲོན་རྣམས་ཀྱང་མགྲོན་ཁང་ཅུང་ཡག་ཤོས་ནང་སྡོད་དུ་བཅུག་ཆོག་བསམས་ནས་ཚོགས་འདུའི་སྣེ་ལེན་གྱི་འགན་འཁུར་པ་ན་གཞོན་སྙན་ངག་པ་བསོད་ནམས་རབ་བརྟན་ལ་སྒོར་མོ་དེ་ལེན་དུ་བཅུག

2017ལོའི་དབྱར་ཁར་ཧི་ནན་སོག་རིགས་རང་སྐྱོང་རྫོང་མི་དམངས་སྲིད་གཞུང་དང་ནུབ་བྱང་མི་རིགས་སློབ་ཆེན་གཉིས་མཉམ་འབྲེལ་གྱིས“‘རྒྱུད་གཅིག་ལམ་གཅིག’གི་མཐོང་ལམ་ལས་སོག་བོད་རིག་གནས་བརྗེ་རེས་ཀྱི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དང་པོ”ཞེས་པ་ཧི་ནན་རྫོང་དུ་བསྡུས། འདི་ནི་ཧི་ནན་རྫོང་གི་ལོ་རྒྱུས་སྟེང་རྒྱལ་སྤྱི་ཅན་གྱི་ཚོགས་འདུ་འཚོགས་ཐེངས་གཉིས་པ་རེད། ང་ཡང་ཚོགས་འདུ་དེར་བོས་ཤིང་། ཚོགས་འདུའི་སྟེང་ལོ་མང་པོར་ངོ་མ་ཐུག་པའི་བོད་རིག་པའི་མཁས་པ་གྲོགས་པོ་འགའ་དང་ཕྲད་དེ་ཁ་བརྡ་བྱས་ནས་ཧ་ཅང་སྤྲོ་བོ་བྱུང་།

གོང་དུ་བཤད་པ་ནི་ཨ་ཁྱུང་གིས་བཏོན་པའི“རིག་གནས་བཟོ་སྐྲུན་བཅུ་གཉིས”ཏེ། རིག་གནས་རྟེན་གཞི་བཞི་དང་དཔེ་ཆ་སྒྲ་གཟུགས་བཞི། བྱ་འགུལ་ཆེན་པོ་བཞི་དང“སྐོར་ཞིག་སྣ་དྲུག”སྟེ་གཟུགས་མེད་རིག་གནས་ཤུལ་བཞག་མྱུར་སྐྱོབ་སྐོར་ཞིག་དང་རིག་གནས་ལས་གཞི་གལ་ཆེན་སྐོར་ཞིག རིག་གནས་རྟེན་གཞི་འཛུགས་སྐྲུན་སྐོར་ཞིག རིག་གནས་དཔེ་ཆ་དག་བསྒྲིགས་སྐོར་ཞིག རིག་གནས་བྱ་འགུལ་ཆེན་པོ་སྐོར་ཞིག བརྙན་གཟུགས་དྲིལ་སྒྲོག་རྒྱུ་ཆ་སྐོར་ཞིག་ཅེས་པ་ལས་ང་རང་ནང་ལ་ཐེ་ཞུགས་བྱས་པ་འགའ་ཞིག་ཡིན་ལ། གཞན་རྣམས་ཇི་ལྟར་བསྒྲུབས་པའི་སྐོར་ང་ལ་ཆ་རྒྱུས་མེད་པས་འདིར་འབྲི་ཐབས་བྲལ།

དུས་རབས་གོང་མའི་ལོ་རབས་བདུན་ཅུའི་མཇུག་ནས་དགུ་བཅུའི་སྟོད་བར་ནི་ཧི་ནན་རྫོང་གི་མི་རིགས་སློབ་གསོའི་རྫོགས་ལྡན་དུས་སྐབས་ཡིན་ཞེས་བཤད་ཆོག གང་ཡིན་ཟེར་ན་དེ་དུས་དམའ་འབྲིང་མཐར་ཕྱིན་རྗེས་མཐོ་འབྲིང་མ་བཏོན་ནའང་ལས་ཀའི་ཞོར་དུ་ལོ་གཅིག་གཉིས་ཙམ་ལ་རང་སྦྱོང་བྱས་རྗེས་སློབ་ཆེན་དུ་རྒྱུགས་འཕྲོད་མཁན་ཡང་ཡོད་དེ། དཔེར་ན་གོང་དུ་བཤད་པའི་ཆབ་བྲག་མགོན་པོ་སྐྱབས་ལྟ་བུ་རེད། ཡིན་ནའང་རྒྱུ་རྐྱེན་དུ་མའི་དབང་གིས་ཧི་ནན་རྫོང་གི་མི་རིགས་སློབ་གསོ་ལོ་རེ་ནས་ལོ་རེར་ཇེ་སྡུག་ནས་ཇེ་སྡུག་ཏུ་སོང་སྟེ་མཚམས་ཤིག་རྨ་ལྷོ་ཁུལ་གྱི་རྫོང་ཁག་བཞིའི་ཆེས་ཐ་མར་ལྷུང་ནས་ཕལ་ཆེར་སྐྱོབ་ཐབས་མེད་པའི་ཚུལ་དུ་འདུག ཨིན་ཇིའི་མཚན་ཉིད་རིག་པའི་ཁྱུ་མཆོག་བྷ་ཁོན(Francis Bacon)གྱིས“སྐྱེ་བོ་ཉམས་མྱོང་ཅན་གྱིས་ཀྱང་དོན་དག་འགའ་རེ་སྒྲུབ་ཐུབ་མོད། འོན་ཀྱང་ཁྱོན་ཡོངས་ནས་བསྒྱུར་བཅོས་བྱས་ཏེ་དོན་དག་ཆེན་པོ་བསྒྲུབ་དགོས་ན་ཤེས་བྱ་སྣ་མང་འཛོམས་པའི་ངེས་པ་དོན་གྱི་མཁས་པ་དག་གིས་མ་གཏོགས་སྒྲུབ་ཐུབ་པ་མ་རེད”ཅེས་གསུངས་ཡོད། ཨ་ཁྱུང་རྫོང་དཔོན་དུ་བསྡད་རྗེས་སློབ་གསོ་ཅུས་ཀྱི་ཅུས་ཀྲང་ནས་སློབ་ཆུང་སློབ་གཙོ་བར་གྱི་མི་སྣ་སྡེབ་སྒྲིག་བྱས་ཤིང་། ཕུལ་བྱུང་སློབ་མར་བྱ་དགའ་མཐོན་པོ་སྟེར་བ་སོགས་བྱེད་ཐབས་སྣ་ཚོགས་སྤྱད་ཅིང་འབད་པ་ལྷོད་མེད་བྱས་མཐར། གཞི་ནས་ཧི་ནན་རྫོང་མི་རིགས་སློབ་འབྲིང་གིས2018ལོ་དང2019ལོ་སྟེ་བསྟུད་མར་ལོ་གཉིས་ལ་ཁུལ་ཡོངས་ཀྱི་འབྲིང་རྒྱུགས་ཁྲོད་སྣ་འཛོམས་གྲུབ་འབྲས་ཨང་དང་པོ་བླངས། དགའ་འོས་པའི་དོན་བཟང་འདི་ཨ་ཁྱུང་ལས་གནས་སྤར་རྗེས་ཡང་བསྐྱར་ཇེ་སྡུག་ཏུ་མི་འགྲོ་བར་གསོལ་བ་སྙིང་ནས་འདེབས།

ཨ་ཁྱུང་ངེད་གཉིས་ཀྱི་མཛའ་བརྩེ་ནི་ཐེངས་གཅིག་རང་བཞིན་དང་ཕན་ཚུན་བེད་སྤྱོད་པ་དེའི་རིགས་གཏན་ནས་མ་ཡིན་པར་དམིགས་ཡུལ་དང་རྒྱུ་མཚན་གང་ཡང་མེད་པར་ཕན་ཚུན་ཤ་ཚ་བ་དང་སྙིང་ཉེ་བ་དེའི་རིགས་ཡིན། དཔེར་ན་ངས་ཉིན་མཚན་དབྱེར་མེད་དུ་ཆང་རག་འཐུངས་ནས་གང་སར་འཁྱམས་པ་ན་ཨ་ཁྱུང་གིས་ང་གང་སར་བཙལ་ཏེ་ཞི་དྲག་མཉམ་སྤྱོད་ཀྱིས་ཁྱིམ་ལ་ཁྲིད་པ་ཐེངས་གཅིག་གཉིས་ཙམ་མིན།

སྤྱིར་ན་ང་ནི་ཆང་རག་འཐུངས་ན་གཤིས་ཀ་རྩིང་པོར་འགྱུར་བ་དེའི་རིགས་མིན་ནའང་ཐེངས་ཤིག་བདུད་འདྲེ་གདུག་པ་ཅན་སུ་ཞིག་ཁོག་ཏུ་ཞུགས་པ་མི་ཤེས་མོད། གང་ལྟར་ངས་ཨ་ཁྱུང་གི་ཁ་མ་བླངས་པར་ཨུ་ཚུགས་གཡག་ལྟར་བྱས་པར་མ་ཟད་ད་དུང་ཁོའི་གདོང་ལ་ཁུ་ཚུར་གཞུས་ཏེ་ཁ་ཁྲག་སྣ་ཁྲག་ཙར་སེ་བཏང་། ཨ་ཁྱུང་གིས་དེ་ལ་འཁང་ར་མི་བྱེད་པར་མ་ཟད་ངའི་བཟི་དྭངས་རྗེས་ད་དུང་ལུས་པོ་བདེ་མིན་ཁམས་འདྲི་བྱས་ཤིང་ཕྱིན་ཆད་ཆང་རག་མི་འཐུང་བའི་ཁ་ཏ་དང་ཞུ་བ་ཡང་ཡང་བྱས་པས་ང་ཡང་ལྐོག་ཏུ་མིག་ཆུ་ཤོར། ཡང་ཐེངས་ཤིག་ངེད་གཉིས་རེབ་གོང་དུ་སྲིད་གྲོས་ཀྱི་ཚོགས་འདུ་ལ་ཞུགས་སྐབས་ང་གང་སར་འཁྱམས་ནས་ཆང་རག་འཐུངས། ཁོས་ང་བཙལ་བཙལ་ནས་རྙེད་རྗེས་རང་གི་རླངས་འཁོར་ཆེད་དུ་མངགས་ཏེ་ཁྱིམ་ལ་སྐྱེལ་དུ་བཅུག

ཨ་ཁྱུང་དང་པོ་ཁམས་ཆབ་མདོའི་ཡུལ་དུ་ཁྱུང་སྒོ་ངའི་སྦུབས་རྒྱ་གྲོལ་ནས་རིང་པོ་མ་འགོར་བར་ཕ་ཡུལ་ཕྱོགས་སུ་ནམ་འཕང་བཅད་པ་དང་། དེ་ནས་ཡང་རིང་པོ་མ་འགོར་བར་ས་ཆ་མང་པོར་ནམ་འཕང་བཅད་དེ་སློབ་གྲྭ་འགྲིམས་པ་དང་ལས་ཀ་བསྒྲུབ་དགོས་བྱུང་། ད་ལྟ་ཡང་མཚོ་ནུབ་ཁུལ་དུ་མགོ་ཁྲིད་ཀྱི་གོ་གནས་འཁུར་དུ་འཕུར་སོང་།

མཇུག་མཐར་བརྩེ་བའི་གྲོགས་པོ་ཨ་ཁྱུང་ས་གང་ལ་སོང་ན་དེ་གའི་མང་ཚོགས་བྱམས་དང་སྙིང་རྗེས་བསྐྱངས་ཏེ་མི་རིགས་ཀྱི་རིག་གནས་སློབ་གསོའི་ལས་དོན་ལ་སྔར་ལས་ལྷག་པའི་བྱས་རྗེས་འཇོག་པའི་སྨོན་འདུན་དང་བཅས་བཀྲ་ཤིས་བདེ་ལེགས་ཞུའོ། །

(རྫོགས་སོ)

《མཚོ་སྔོན་བོད་ཡིག་གསར་འགྱུར》ལས་བཏུས།

编辑:黄南藏文报
3上一篇 下一篇4 朗读 放大  缩小  默认