黄南藏文报རིག་རྩལ་གཞོགས་བཀོད། རང་གི་གྲིབ་མ་འཚོལ་བ་།

第A5版:རིག་རྩལ་གཞོགས་བཀོད། PDF原版PDF原版
pdf阅读器免费下载 版面导航
声明
3上一篇 下一篇4 2020 年 09 月 04 日 星期五   05

རང་གི་གྲིབ་མ་འཚོལ་བ་།

作者:སེར་པོས་བརྩམས།

སྤྱི་ལོ 2020 ལོའི་ཟླ 8པའི་ཚེས20ཡི་མཚན་གུང་ཡོལ་རྒྱབ་ཀྱི་ཆུ་ཚོད་གཅིག་དང་སྐར་མ་བརྒྱད་ཀྱི་སྟེང་བདག་གི་སྒེའུ་ཁུང་དབུས་སུ་ཕྱི་རོལ་གྱི་འོད་མདངས་ཅུང་ཟད་འཕྲོས་ཤིང་། ཁང་བའི་ནང་དུ་མུན་པ་སྟུག་པོ་བབས། སྐབས་འདིར་མི་རྣམས་གཉིད་ཀྱིས་ར་རོ་བར་གྱུར་ཡོད་ངེས།

པདྨ་གྲོང་ཚོ་ལས་སྤྱི་ལེ་བདུན་ཅུ་ཙམ་གྱི་མཚམས་སུ་མཆིས་པའི་སེང་གེ་གྲོང་ཚོའི་ནགས་གསེབ་ཏུ་རྒྱུ་བའི་བུ་མོ་དེ་གང་དུ་འགྲོའམ། ལོ་ན་བཅུ་བཞི་ཙམ་ལས་མ་སོན་པའི་བུ་མོ་དེའི་སྐྲ་སྣེ་ལྟག་པར་དཔྱངས་ཤིང་། གདོང་ལ་འཇིག་རྟེན་འཁོར་བ་ལ་ངེས་པར་འབྱུང་བའི་སྣང་བ་འཁོར་ཞིང་། གོམ་པ་བྲེལ་སྟབས་ཀྱིས་ལེན་པའི་ཚུལ་དེ་མཐོང་སྐབས། སྤྱི་ལོ1874ལོའི་ཡར་སྔོན་དུ་པཱ་ལགས་ཀྱིས་ཨ་རག་ལྟིར་གཅིག་ལ་བརྗེ་པོ་བརྒྱབ་པའི་བུ་མོ་ཞིག་དགུང་ལོ་བཅུ་གསུམ་སྟེང་རྒྱུ་ཆེན་ཞིག་གི་གཡོག་ལ་རྒྱུགས་པར་མ་བཟོད་དེ་ཨ་མ་ལགས་དང་མཉམ་དུ། ཁ་བ་དང་བུ་ཡུག དགྲ་ཇག་ཆོམ་རྐུན་གང་ལའང་མ་འཛེམ་པར་སྐུ་ངལ་བསྐྱོན་མཐར། རི་བོ་ཧི་མ་ལ་ཡ་བརྒལ་ནས་གངས་ཅན་བོད་ཡུལ་དུ་སླེབས་པའི་སྒྲུང་དེ་དང་ཐག་ཉེ་བོ་འདུག

ཁོ་མོ་དང་ཁོ་མོའི་གྲོགས་མོ་གཉིས་ཀར་ལམ་རྒྱགས་རྩམ་པ་ཕད་བུ་ཞིག་ཆ་བཞི་རུ་ཕྱེ་བའི་ཆ་གཅིག་གི་ཕྱེད་ཙམ་ལས་མ་མཆིས་ཀྱང་། ལྟོགས་པ་དང་བཀྲེས་པ་ཡིད་ལ་མི་སེམས་པར་གསང་ཆེན་འོད་དཀར་གྲོལ་བའི་དབེན་གནས་ལ་ག་དུས་མཇལ་ལམ་སྙམ་པ་ཁོ་ན་ཞེ་ལ་བཅངས་ནས་མདུན་དུ་སོང་། ལམ་གྱི་ཉིན་དེ་དག་གི་རིང་ལ་ལམ་ནོར་བ་དང་མཚན་མོ་གད་སྐྱིབས་ཤིག་ཀྱང་རྙེད་དཀའ་བ་སོགས་ཀྱི་སྡུག་རུས་མང་པོ་བརྒྱབ་རྗེས། གཟོད་གསང་ཆེན་འོད་དཀར་གྲོལ་བའི་དབེན་པར་སླེབས་ཤིང་། ཁོ་མོ་དབེན་གནས་དེ་རུ་སླེབས་པ་ནས་བཟུང་སྒོ་གསུམ་བག་མེད་དུ་མ་བཏང་བར་ཉིན་དང་མཚན་དུ་རྣམ་དཀར་ཆོས་ཀྱི་བགྱི་བ་འབའ་ཞིག་ལ་གཞོལ་ཅིང་། དུས་དང་དུས་མ་ཡིན་པ། གནས་དང་གནས་མ་ཡིན་པ་གང་དུ་འང་མ་ཕྱིན་པར། འཁོར་བའི་ཕུན་ཚོགས་ལ་མིག་ཟུར་ཙམ་གཡོ་བའི་འདུན་པ་གཏིང་ནས་འགགས་ཏེ་གཅོམ་སྐྱུང་གིས་བསྡད་པ་ནི་ཚེ་རབས་སྔོན་མའི་བག་ཆགས་སུ་ངེས།

1885ལོའི་ཡར་སྔོན་དུ་བཅོ་ལྔ་ལྷ་མོ་ཞེས་པའི་བུ་མོ་ཞིག་གིས་ཉེ་དུ་རྒྱང་རིང་དུ་བཞག ལྟོ་གོས་གཏམ་གསུམ་གྱོང་ལ་བསྐུར་ནས་རྣལ་འབྱོར་མ་ཚེ་རིང་བུ་ཁྲིད་ཞུ་བའི་རྗེས་སུ་འབྲངས་ཏེ། བལ་ཡུལ་དང་སྐྱིད་གྲོང་རྐང་བགྲོད་ཀྱིས་བརྒལ་ཅིང་། སྦས་ལུང་ཧེ་རི་ཁྲོད་དུ་སྒོམ་ལ་བཞུགས་མྱོང་བར་མ་ཟད། ཆོས་ཀྱི་སྒོར་ཞུགས་པའི་རྟེན་འབྲེལ་དུ་སེར་ཆས་གྱོན་ཅིང་། རིག་འཛིན་ཆོས་དབྱིངས་བཟང་མོ་ཞེས་པའི་མཚན་གསོལ། མོའི་མགོ་ཡི་སྐྲ་ལོ་མ་བྲེགས་པས་ཀུན་གྱིས་ཨ་ཅག་གྲྭ་ཆས་ཅན་དུ་འབོད། ཁྱད་པར་དུ་རི་བོ་རྩེ་ལྔ་སོགས་སུ་རྩ་རླུང་གི་གྲུབ་རྟགས་མ་ཐོན་གྱི་བར་དུ་དཀའ་བ་སྤྱད་ཅིང་། ནམ་རྒྱུན་ཟས་སྐྱ་བོ་དང་གོས་ཧྲུལ་པོའི་འཇིག་རྟེན་ནས་བཟང་ངན་རོ་སྙོམས་དང་བདེ་སྡུག་རོ་སྙོམས་ཀྱི་རྟོགས་པའི་བཙན་ས་བཟུང་མཐར། སྣང་བ་ལྷ་རུ་ཤར་བའི་རྟོགས་པ་བརྙེས་པ་དང་འདྲ་བར། ས་སྲོད་རེ་རེར་གཙུག་ལག་ཁང་གི་ཡང་སྟེང་གི་ཁྲི་ཐོག་ཏུ་ཡི་དམ་གྱི་ཞལ་གང་འདོད་དུ་མཇལ་ཞིང་། བཅོས་མིན་གྱི་དད་པ་བླ་ལྷག་ཏུ་རྒྱུད་ལ་སྨིན་པས་ལུས་ཀྱི་བ་སྤུ་གཡོ་བ་དང་མིག་ནས་མཆི་མ་འཁྲིགས་པ་རྟག་ཏུ་འབྱུང་བའི་མུར། རང་ལུས་སྒྱུ་མ་དང་འཇའ་ཚོན་བཞིན་ཐོགས་རེག་དང་བྲལ་བའི་ཚོར་བ་ལུ་གུ་རྒྱུད་དུ་སྐྱེས་མྱོང་།

ཆུ་ཚོད་གཉིས་དང་སྐར་མ་བརྒྱད་ལ་སླེབས་པའི་མཚན་རྒྱབ་ཏུ། ཁྱེད་རང་གཉིད་དུ་ཡུར། སྣུམ་ཤིག་ཤིག་གི་སྐྲ་ལོ་ཕྱེད་ཀས་ངོ་གདོང་གབ་ཅིང་། ཕྱེད་ཀ་སྔས་མགོར་འཁྱིལ་ཡོད། ལུས་ཀྱི་ཤ་ཅུང་ཟད་བས་པའི་ཉམས་དང་བཅས་པའི་རྣམ་པ་དེ། མི་སྨུག་པོའི་སྔས་འགྲམ་གྱི་མེ་ལོང་དབུས་སུ་གསལ་ལེར་མངོན་ཅིང་། ད་དུང་སྔུར་བ་ཡང་མོ་ཞིག་འདྲེན་པའི་སྒྲ་ནི་ཨམ་འཇོག་གི་སྒོར་རེག་ཐུབ་པའི་རྣམ་པར་རྟོག་པ་བྱུང་། འོན་ཀྱང་དེ་ཡི་ཚེ་ན་ཁྱེད་ཀྱིས་འདས་དོན་གྱི་རྐང་རྗེས་མང་པོ་ཞིག་མཚོ་ལ་ཁ་བ་བཞིན་བསྟིམས་ནས་སྔོན་གྱི་བྱ་བ་ལ་རྗེས་འདེད་མ་བཏང་བར་རྣལ་འབྱོར་མའི་རང་ངོ་ཁོ་ནར་སོང་བའི་རྨི་ལམ་མང་པོ་གཏོང་གིན་ཡོད་ངེས། གལ་ཏེ་ཁྱེད་ཀྱི་རྨི་ལམ་དུ་མི་སྨུག་པོ་རྨི་བ་ཡིན་ན་ཁོའི་བྱད་བཞིན་དང་འགྲོ་འཆག་གི་སྤྱོད་པས་ཁྱེད་ལ་ཚེ་རབས་སྔོན་མའི་ལས་ཀྱི་འཕྲོ་སད་དུ་མ་བཅུག་ཀྱང་རུང་། མི་སྨུག་པོ་ནི་ཚེ་རབས་དུ་མར་མགོ་ལ་ཐོད་བཞིན་ཁྱེད་དང་འགྲོགས་མྱོང་བར་བླ་མ་དང་ལྷས་ལུང་དུ་བསྟན་ཏོ།།

ཉི་མ་དེར་ཞི་དུལ་བག་ཡོད་དང་། སྒམ་ལ་བརླིང་བའི་ཁྱེད་ཀྱི་གཟི་བྱིན་དང་། སྐྲ་དང་སེན་མོ། གདོང་དང་སྨིན་མ་ཀུན་མ་བཅོས་རང་སོར་བཞག་འདུག་པའི་མཛེས་པ་དེས་ཁྱེད་ཀྱི་གསང་གསུམ་གྱི་ཡོན་ཏན་ནི་གངས་རིའི་རྩེ་ལ་ཟླ་འོད་ཕོག་པ་ལྟར་གསལ་བར་བསྟུན། མི་སྨུག་པོའི་ཡིད་སེམས་རབ་ཏུ་བཀུག་སྟེ་སེམས་ཀྱི་གསང་བ་ཡོད་ཚད་སྙིང་ག་ཆོས་ཀྱི་འཁོར་ལོར་མ་སྦས་པར་ཁྱེད་ཀྱི་རྣ་བར་བཞག་ནས་ཡིད་རབ་ཏུ་མགུ་ཞིང་ཚིམ་པའི་བརྡ་མིག་གི་མདངས་དང་གདོང་གི་རྣམ་འགྱུར་ལས་མངོན། ཁྱེད་ལོ་ངོ་དུ་མའི་རྗེས་སུ་རང་གི་ཕ་ཡུལ་དུ་ལོག་པའང་། ལས་འཕྲོ་ཞིག་གི་ཆེད་དུ་ཡིན་པར་ཁོ་ཐག་ནང་ནས་བཅད་འདུག་མོད། ཁྱེད་ཀྱིས་ད་དུང་རང་ངོ་ཅུང་མ་ཟིན་པའི་ཉམས་ཤིག་ཕྱི་རུ་སྟོན་གྱིན་འདུག

1930ལོའི་ཡར་སྔོན་དུ་བྱོན་པའི་ལོ་ཆེན་རིག་འཛིན་ཆོས་དབྱིངས་བཟང་མོ་མཆོག་གིས་ཕལ་བའི་མི་ལ་ཕལ་བའི་ཚུལ་བསྟན་པའི་ཞོར་དུ། རྨེ་རྙིང་གྲུབ་ཆེན་ཟླ་བ་རྡོ་རྗེ་ལས་རྙིང་མའི་ཆོས་འཁོར་མང་དུ་གསན་ནས་སློབ་མ་རྣལ་འབྱོར་མ་མང་དུ་བསྐྱངས་ཤིང་། ཉམས་ལེན་གྱི་གཙོ་བོ་སྣང་སྲིད་རོ་སྙོམས་ཀྱི་གདམས་ངག་གཅོད་ཀྱི་བསྟན་པ་ཕྱོགས་བཅུར་སྤེལ་བའི་རྣམ་ཐར་ནི་ལྗོངས་འདིར་ཉི་མ་ལྟར་གསལ། གློ་བུར་དུ་བདག་གི་ཁང་བའི་རྩིག་ངོས་གང་སར་ཁྱེད་ཀྱི་བྱད་བཞིན་སྣང་ཞིང་། མུན་པ་ཀུན་དྲུངས་ནས་ཕྱུང་བའི་འཕྲུལ་བ་ཤར། སྐབས་དེར་སྲེད་པ་དང་བཅས་པའི་བདག་གི་དད་པའི་ངོར། ཁྱེད་ནི་གསང་ཆེན་འོད་སྐུར་གྲོལ་བའི་དབེན་གནས་ལས་ཕ་ཡུལ་དུ་ཕྱིར་ལོག་པའི་དུས་སུ། ཕྱི་མིག་དང་བཅས་ཏེ་ལོག་གིན་ཡོད། བློ་ཐག་ཆོད་པ་ཞིག་ལ་ཁྱེད་ཀྱི་ཕྱི་མིག་དེས་རང་དང་གནས་གཅིག་པ་དང་། མཁན་སློབ་གཅིག་པ་གང་ཡང་བཟུང་མེད་ངེས། རྒྱུ་མཚན་ཁྱེད་ཀྱིས་རང་གི་རྩ་བའི་བླ་མས་བྲོ་བོར་ཚུལ་དེར་གཏན་ནས་རྒྱབ་འགལ་བྱ་མི་སྲིད། ཁྱེད་ཀྱི་ཕྱི་མིག་གི་ཀློང་ན་ཞེན་པའི་ལས་འཕྲོ་ཞིག་ཡོད་ནི་ཡོད་མོད། དེ་ནི་དུར་ཁྲོད་ཀྱི་མཁའ་དབྱིངས་སུ་འཕུར་བའི་བྱ་རྒོད་ཅིག་ཡིན་ཀྱང་སྲིད་ལ། གཙུག་ལག་ཁང་དང་འདུ་ཁང་གི་སྒོ་འགྲམ་དུ་སྦྱར་བའི་ཚེ་འདས་ཤིག་གི་འདྲ་པར་ཡིན་ཀྱང་རུང་། གང་ལྟར་ཡུལ་གྱིས་བསྐལ་བའི་སར་རླུང་གིས་འདར་བའི་མི་སྨུག་པོ་དང་ཁོའི་གྲིབ་མར་ཚེ་རབས་མང་པོར་བཞག་པའི་ཁ་ཆད་ཅིག་ལུས་ཡོད་པ་ཁྱེད་ཀྱི་དྲན་པར་མི་འཁོར་བ་ནི། སྲིད་པ་བར་དོ་བརྒྱུད་པའི་ཤུགས་ཀྱིས་རེ་ཞིག་མ་དྲན་པ་ཙམ་ལས་གཏན་ནས་མི་དྲན་པ་མི་སྲིད་ཀྱང་། མི་སྨུག་པོར་མཚོན་ན་དུས་ཡུན་འདི་སྒྲིབ་སྦྱོང་གིས་སད་དགོས་པའི་བརྡ་ཞིག་ཏུ་སེམས་འདུག

ཁྱེད་རང་མི་སྨུག་པོའི་ཉམས་སྣང་ལ་ཤར་བའི་ཌཱ་ཀི་མའི་འཇིམ་བརྙན་དང་ངོ་བོ་དབྱེར་མེད་དུ་གྱུར་པའི་ཚེ་ན། འཇིམ་སྐུ་དེ་ཡིས་ཕྱག་གཡས་པས་ཌ་མ་རུ་དྲག་ཏུ་དཀྲོལ་བཞིན། ཕྱག་གཡོན་པས་རྨ་བྱའི་སྒྲོ་མདོངས་ཀྱིས་མི་སྨུག་པོར་གྲིབ་སེལ་བྱེད། དུས་དེར་ནམ་མཁར་བྱ་རྒོད་ཉིལ་ལེར་གྱུར་ཅིང་། བྱ་རྒོད་དག་གི་མདངས་ནི་དྲི་མ་དང་བྲལ་བའི་དུང་དཀར་གྱི་མདོག་ཤ་སྟག་ཅིག་ཏུ་མཐོང་།

དེ་ལྟ་ལགས་ན། ད་ལྟར་ཁྱེད་ཀྱིས་སོམ་ཉི་དང་ཡིད་གཉིས་མི་ཟ་བར། ཁྱེད་དང་ཐག་ཆེས་ཉེ་སར་ཉིན་མཚན་ཀུན་ཏུ་རྒྱུ་བའི་མི་སྨུག་པོར་མཁའ་འགྲོ་སྙན་བརྒྱུད་ཀྱི་གདམས་པ་དང་མཆོག་གི་དངོས་གྲུབ་སྩོལ་བའི་དུས་ཚོད་སྨིན་འདུག

མི་སྨུག་པོའི་ཤ་དང་རུས་པ་པགས་པ་གཙོས། ལུས་ཀྱི་ཟུངས་བདུན་དང་བཅས་པ་ཁྱེད་ཀྱི་ཚོགས་འཁོར་གྱི་རྫས་སུ་བཏེགས་པ་ན་དགྱེས་བཞིན་ལག་ཏུ་ལེན་རོགས། མི་སྨུག་པོའི་འཕྲུལ་སྣང་ལ་ཤར་བའི་ཐབ་ཀྱི་མིའི་རུས་སྒྲོམ་གསར་པ་ཆ་ཚང་དེ་ཁོ་དང་ཐ་མི་དད་དུ་སེམས་ངོ་སྤྲད་དེ་སྣང་སྲིད་ཀྱི་ཆོས་རྣམས་གཞི་གཅིག་ཏུ་རྫོགས་པའི་མཉམ་གཞག་ལ་གནས་པར་སྐུལ་མ་གཏོང་དགོས། ཚེ་འདིར་སྣང་གི་ཤི་སྤར་ལྷོད་རྒྱུ་ནི་མི་སྨུག་པོར་མཚོན་ན་ཆེས་གལ་ཆེ་བའི་རྟ་ཟམ་མཐའ་མ་དེ་ཡིན།

ཁྱེད་ཀྱིས་མི་སྨུག་པོའི་མལ་ཁྲི་ནི་དུར་ཁྲོད་བསིལ་བ་ཚལ་བཞིན་དུ་བསྒྱུར་ནས། “ཧིག”སྒྲ་གཅིག་གིས་ཁོའི་རྣམ་པར་ཤེས་པ་ནུབ་ཕྱོགས་ཨོོ་ཌི་ཡཱ་ནའི་གྲོང་དུ་འཕོ་བར་གྱིས་ཤིག གཞན་ཚེ་རབས་ཀུན་ཏུ་ཁྱེད་དང་མི་འབྲལ་བའི་བསྔོ་སྨོན་རྣམ་དག་ཞུ་རོགས། ཤ་དང་རྒྱུས་པ། ཟུངས་དང་རུས་པའི་ལྷུ་དང་ལྷུ་ཕྲན་ཡོད་དོ་ཅོག་འབྱུང་པོ་ཕྲ་རགས་ཀུན་ལ་འཁྱེར་དུ་ཆུགས།

(འཕྲོ་མ་པར་ངོས་དྲུག་པར་གཟིགས་རོགས)

编辑:黄南藏文报
3上一篇 下一篇4 朗读 放大  缩小  默认