黄南藏文报འཚོ་བའི་ལམ་ཡིག སྟོན་རླུང་གིས་སྒུལ་བའི་སྐྲ་ལོ། པར་ངོས་ལྔ་པར་མཐུད་པ།

第A6版:འཚོ་བའི་ལམ་ཡིག PDF原版PDF原版
pdf阅读器免费下载 版面导航
声明
3上一篇 下一篇4 2020 年 09 月 04 日 星期五   06

སྟོན་རླུང་གིས་སྒུལ་བའི་སྐྲ་ལོ།

作者:ལྷ་མོ་མཚོ།

ཕ་མཐའ་མི་མངོན་པའི་འཛིན་མའི་ཁྱོན་འདིར་སྟོན་ཁ་ཟེར་བའི་ནམ་ཟླ་ཞིག་སླེབས་པ་ཚོར་བ་ནས་བཟུང་། ཨ་མའི་གདོང་གི་རྔུལ་ཆུ་དང་ཨ་ཕའི་མགོ་ཡི་སྐྲ་ལོ། ལོ་རེ་ནས་ལོ་རེར་པདྨའི་མེ་ཏོག་གི་བཞད་སྐམ་ལ་འགྲན་པ་ཇི་བཞིན་ཇེ་མང་ནས་ཇེ་མང་དུ་ཕྱིན་སོང་། ལོ་ཟླས་དེད་པའི་ནམ་ཟླ་དང་ན་ཚོད་དག་ནི་དགུང་སྔོན་ནམ་མཁའི་དབྱིངས་སུ་ང་ཚོའི་མིག་གི་དགའ་སྟོན་དུ་ཤར་བའི་འཇའ་ཚོན་ཇི་བཞིན་གང་ནས་ཤར་ཞིང་དུས་ཡུན་ག་ཙམ་ལ་བཀྲ་བ་མི་ཤེས་པ་ཇི་བཞིན་ང་ཚོས་དུས་གཏན་དུ་དེར་ཁ་ལོ་བསྒྱུར་བའི་བཙན་པོའི་དབང་ཤུགས་དང་བློ་གྲོས་ཀྱི་བྱེད་ཐབས་གང་ཡང་རྙེད་མི་སྲིད། ཕ་མ་ནི་ང་ཚོའི་ནར་སོན་གྱི་ལོ་ཟླ་དག་གི་དཔང་པོ་ཡིན་པ་ཇི་བཞིན་ང་ཚོའང་ཕ་མ་དག་རྒ་བཞིན་པའི་ལོ་ཟླ་ཞིག་གི་དཔང་པོ་ཡིན་མོད། མི་འདྲ་ས་གཅིག་ཡོད་པ་ནི་ང་ཚོས་རང་ལྕོགས་ངང་རྩེད་མོ་རྩེ་བ་དང་སྐད་ཆ་བཤད་ཤེས་དུས་ཕ་མ་དག་ནི་རྨ་བྱའི་རྣ་ལམ་དུ་སྙན་པའི་ཡང་རྩེར་སོན་པའི་འབྲུག་སྒྲ་ཐོས་པ་ཇི་བཞིན་དགའ་བ་བརྗོད་ཀྱིས་མི་ལངས་ལ། ང་ཚོ་བཅུ་དྲུག་ལང་ཚོའི་ཆ་ཤས་རྫོགས་ཏེ་འཇིག་རྟེན་མཐུན་འཇུག་གི་ལས་ལ་ཞུགས་དུས་ཕ་མས་ང་ཚོའི་སྐྱིད་སྣང་དང་བདེ་སྣང་གི་ལོ་ཟླ་དེ་དག་གཏན་དུ་ཡལ་བར་ཕངས་སེམས་དང་སྐྱོ་བ་སྐྱེ་ངེས། དེ་དང་བསྡུར་ན་ཕ་མའི་ཉམ་ཆུང་གི་ལུས་བོངས་ཇེ་ཆུང་དང་གདོང་གི་གཉེར་རིས་ཇེ་ཟབ། མགོ་ཡི་སྐྲ་ལོ་ཁ་བ་ལྟར་ཇེ་དཀར་དུ་གྱུར་རུང་ང་ཚོའི་སེམས་སུ་དེ་ནི་རང་བྱུང་ཁམས་སུ་ཡོད་པའི་ཐུན་མོང་གི་སྣང་ཚུལ་ཞིག་དང་སྐྱེ་རྒ་ན་འཆི་ཡི་འཁོར་བའི་ཆོས་ཉིད་ཙམ་ཞིག་ལ་ངོས་བཟུང་སྟེ། དམིགས་སུ་དེར་སེམས་ཀྱི་གཏིང་རིམ་ནས་གདུང་སེམས་དང་སྙིང་རྗེ་སྐྱེ་ཐེངས་ཉུང་ཉུང་ཡིན་པ་འདྲ།

གསེར་མདོག་གི་སྙེ་མའི་མགོ་ལྕོག་ལྡེམ་པའི་སྟོན་ཟླའི་མཚམས་སུ་དགུང་སྔོན་གྱི་ཉི་ཟེར་ཡང་སྔར་ལས་ཚ་བ་ཇེ་ཆེར་གྱུར་མོད། སོ་ནམ་པ་དག་ལ་མཚོན་ན་འབྲུ་དྲུག་གི་སྙེ་མ་མཐོང་དུས་དཀའ་སྣང་དང་ཚ་སྣང་སྤུ་ཙམ་ཡང་ག་ལ་ཡོད། དཔྱིད་ཀར་བཏབ་པའི་རེ་བའི་ས་བོན་སྟོན་ཟླས་དེད་པའི་འབྲས་བུ་བཟང་པོ། སོ་ནམ་པ་ཞིག་ལ་མཚོན་ན་འདི་ལས་ལྷག་པའི་རེ་བ་ཞིག་དང་དགའ་བ་ཞིག་གཏན་དུ་སྐྱེ་ག་ལ་སྲིད། ནར་སོན་པ་དང་བསྟུན་ནས་ཕུགས་བསམ་ཟེར་བ་ཞིག་གིས་བློ་སྤོབས་བསྩལ་ཏེ། ནམ་རྒྱུན་སློབ་རའི་སྐྱེད་ཚལ་དུ་སྦྲང་བཅུད་ལེན་པར་བརྩོན་པའི་གཡུ་སྦྲང་ཇི་བཞིན་ཤེས་བྱའི་གནས་ལ་རང་ནུས་ཀྱིས་འབད་པ་བྱེད་བཞིན་ཡོད་མོད། དྲན་འཛིན་གྱི་ངོས་སུ་རང་ཉིད་ཕ་ཡུལ་དུ་ལོག་སྟེ་ཁྱིམ་མི་རྣམས་དང་མཉམ་དུ་སྟོན་ལས་ཟེར་བའི་ཚེགས་ཆེ་བའི་ལས་ཀ་དེ་མ་ལས་པར་ཡུན་རིང་འགོར་བ་ཚོར། ད་ལོ་རྐྱེན་ངན་གྲོགས་ཤར་གྱི་ཚུལ་དུ་ཁོམ་ལོང་ཅུང་ཙམ་བྱུང་སྟེ་ཕ་ཡུལ་དུ་ལོག་དུས་ཏག་ཏག་སྟོན་ལས་ལ་ཁེལ། ཟོར་བ་དང་སླེ་བོ་མ་ཁུར་བར་ཡུན་རིང་འགོར་ཞིང་། ཞིང་ཁ་དང་ཞིང་ཚིགས་མ་བརྒྱུད་པར་ག་ཙམ་འགོར་རུང་ཆུང་དུས་ནས་ལས་འདི་དག་ལ་གོམས་པའི་མི་ཞིག་ཡིན་ཕྱིར། ལག་ལས་ཀར་ལྡེམ་མྱུར་མེད་རུང་སེམས་བསམ་པར་དགའ་སྣང་ཡོད་ངེས། ཞིང་ཁ་རུ་འགྲོ་བའི་ལམ་བར་དུ་ཡུན་རིང་མ་ཐུག་པའི་སྡེ་མི་མང་པོ་ཞིག་ལ་ཕྲད་ཅིང་། ཁོ་ཚོའི་ཤ་མདངས་ཇེ་ནག་དང་ལུས་པོ་ཇེ་རིད་དུ་གྱུར་ཡོད་ལ་འགའ་རེའི་ངོ་ཡང་མི་ཟིན་པར་གྱུར་འདུག ལྷག་པར་དུ་ཞིང་འབྲེག་མང་ཤོས་ལོ་ཚོད་ཡལ་ཟིན་པའམ་ཅུང་རྒས་ཡོད་པ་ཏག་ཏག་ཡིན་འདུག དུས་དེར་ངས་ད་གཟོད་རང་གི་ཕ་མ་གཉིས་ཀྱང་ནམ་རྒྱུན་ལས་དཀའ་ཡང་གང་ལ་འཕྲད་རུང་རེ་ལྟོས་བྱེད་ས་དང་སྡུག་གི་ཁུར་བོ་འགེལ་ས་སུ་ཡང་མེད་པར་རང་ཉིད་ཀྱིས་ཐེག་དགོས་པའི་ལས་དབང་ཚོར་བྱུང་།

བུ་ཕྲུག་གི་ཆེད་དུ་ཅི་ཡང་ཐེག་པ་ནི་ཕ་མ་ལས་མ་འདས་ལ། བུ་ཕྲུག་གི་ཆེད་དུ་རང་ཉིད་ཀྱི་ཚེ་སྲོག་ལའང་མི་འཛེམ་པ་དེ་ནི་ཕ་མ་ཡིན། འོན་ཀྱང་བུ་ཕྲུག་ནི་ཕ་མའི་ཚེ་སྔོན་ལས་ཀྱི་དགྲ་ཡ་དེ་ཡིན་སྲིད་དེ། མི་ཚེའི་དཀའ་སྡུག་ལ་འཛད་མཐའ་མེད་པ་དེ་བུ་ཕྲུག་གི་ཆེད་དུ། བུ་ཕྲུག་ནི་ཕ་མའི་སྐྱེ་བ་ད་ཐེངས་ཀྱི་འཁོན་ལན་སློག་མཁན་དེ་ཡིན་སྲིད་དེ། སྐྱིད་ལ་རེ་བ་མེད་རུང་སྡུག་ལ་ཨུ་ཚུགས་བྱེད་པ་བུ་ཕྲུག་གི་ཆེད་དུ་ཡིན། འོན་ཀྱང་ང་ཚོ་ནར་སོན་པ་དང་བསྟུན་ནས་ཕ་མ་དང་ཕ་ཡུལ་ལ་ཁ་ཐག་ཇེ་རིང་དུ་གཏོང་རྒྱུ་ནི་ཕུགས་བསམ་ཐོག་མ་ཡིན་ལ། རིམ་བཞིན་ཕ་ཡུལ་གྱི་གནས་ཚུལ་དག་ལ་རྒྱུས་མངའ་བྱེད་འདོད་མེད་པར་རང་སྣང་གང་ཤར་དུ་འཚོ་འདོད་པ་དེའང་ཕུགས་བསམ་ཡིན། རང་ཉིད་ཀྱིས་འབད་བརྩོན་ལ་བརྟེན་ནས་གཞན་གྱི་མིག་ལ་མཛེས་ཤིང་རང་བློ་བདེ་ལ་འབབ་པའི་ལས་དོན་ཞིག་གཉེར་ཏེ་ཕ་མར་སྲི་ཞུ་ཅུང་ཙམ་རེ་བསྒྲུབ་པར་འབད་རྒྱུ་དེ་ཕུགས་བསམ་མཐའ་མ་དེ་ཡིན་སྲིད་མོད། ང་ཚོས་འཆི་བ་ཟེར་བར་སྔ་གཞུག་མེད་པའི་འགྲོ་ལམ་ཞིག་དང་ལོ་ཟླ་ཟེར་བ་ཆུ་རྒྱུན་ལྟ་བུའི་མགྱོགས་མྱུར་ཡོད་པ་གཏན་ནས་མ་ཚོར་བ་ཇི་བཞིན། རང་ཉིད་ཀྱི་ཕུགས་བསམ་ཆེད་དུ་རྒྱང་རིང་གི་ལུང་ཁུག་ན་ལུས་ཡོད་པ་ཕ་ཡུལ་ཡིན་ལ། སྟོང་ལྷང་ལྷང་གི་ལྷས་ར་གྲུ་བཞིའི་ནང་ཁུ་སིམ་མེར་མིག་ཟུང་རིག་རིག་བྱེད་བཞིན་པ་དེ་ནི་ཕ་མ་རྣམ་གཉིས་ཡིན་པ་ཚོར་གྱིན་མི་འདུག རྦ་རླབས་གཡོ་འདྲའི་ལོ་ཡག་སྙེ་མའི་འཕྱོ་འཇགས་ཀྱི་བར་མཚམས་སུ་སྐབས་རེར་མངོན་པ་ནི་ཁ་བའི་འདབ་མ་འཕུར་བ་ལྟ་བུའི་སྐྲ་ལོའི་ཉག་མ་རེ་རེ་ཡིན་ཞིང་། ལྟེམ་ལྟེམ་གཡོ་བའི་ལོ་ཡག་དང་བསིལ་རླུང་གི་ཁྲོད་དུ་འདར་འདར་བྱེད་བཞིན་པ་ནི་ཉམ་ཆུང་གི་ཨ་མ་རྒན་མོ་དག་རེད། དུས་དེར་ངས་ཁོ་ཚོའི་གདོང་གི་རྔུལ་ཆུའི་ཐིགས་པ་རེ་རེ་བུ་ཕྲུག་གི་ཉེས་པ་རེ་རེ་ཡིན་པ་ཚོར་བ་དང་འདྲ་བར་སེམས་ཀྱི་ཟབ་ས་ནས་ན་ཟུག་ཅིག་རིམ་གྱིས་སྐྱེ་ཡོང་།

ཆུང་དུས། སྟོན་ཁ་ནི་རེ་བ་དང་དགའ་སྤྲོས་ཁེངས་པའི་དགའ་སྐྱིད་ཀྱི་དུས་ཚིགས་མངར་མོ་ཞིག་ཡིན། ཆུང་དུས་ང་ཚོ་ཞིང་ཚིགས་བར་དུ་ཕ་མ་དག་གི་གཡས་གཡོན་ན་ཡར་རྒྱུག་མར་རྒྱུག་བྱེད་བཞིན་ཟོར་བ་ཕྲོགས་ཏེ་ཞིང་འབྲེག་པར་ཚུགས་ཀ་བཏོད་པའི་བྱིས་པ་པྲ་ཚག་དག་ཡིན་མོད། དུས་ཀྱི་འགྱུར་མཚམས་ནས་ང་ཚོ་རིམ་གྱིས་ནར་སོན་ལ་ཕ་མར་རོགས་རམ་ཅུང་ཙམ་བྱེད་ཐུབ་དུས་གཤོག་རྩལ་རྒྱས་པའི་རྒོད་པོ་ཇི་བཞིན་ནམ་མཁའི་མཐོངས་སུ་བསྐྱོད་དེ་ཤུལ་རྗེས་ཙམ་ཡང་མེད་པ་འདི་ནི་མི་ཚེ་འདིའི་ཕམ་ཁ་ཡིན་ནམ་རྒྱལ་ཁ་ཡིན་པ་མི་ཤེས་མོད། དུས་དེ་རིང་སྙེ་རླབས་ཁྲོད་གཡོ་བའི་ཨ་མ་ཚོའི་སྐྲ་ལོ་མཐོང་དུས་ང་ཚོ་ཡང་སྙིང་ཅི་ཞིག་ལ་བྲེལ་བར་ཡང་བསྐྱར་མནོ་བསམ་མི་གཏོང་རང་གཏོང་དུ་གྱུར་ཞིང་། རང་ཉིད་ཀྱིས་མངོན་འགྱུར་བྱེད་འདོད་པའི་ཕུགས་བསམ་དེ་ཕ་མའི་རྒ་བཞིན་པའི་ལོ་ཟླའི་རྗེས་སུ་ཆོད་མིན་ལ་ཐེ་ཚོམ་ཟ། ཀ་བ་གདུང་ལྕམ་བཀྲ་བའི་ཁང་ཁྱིམ་དང་འབྲུ་དྲུག་སྙེ་མ་ལྡེམ་པའི་ཞིང་ཆུང་གྲུ་བཞིའི་ནང་དུ་གོམ་པའི་འདེགས་འཇོག་མི་ཐུབ་རུང་ད་དུང་བཙན་གྱིས་ཚེ་སྲོག་གི་རྒྱུན་སྲིང་བ་འདི་ནི་བུ་ཕྲུག་གི་ཆེད་དུ་ཡིན་པ་སུ་ཞིག་ལ་ཡང་གསང་དགོས་དོན་མི་འདུག

ཁྱིམ་མཚེས་ཨ་མ་རྒན་མོས་བཅོས་མའི་འཛུམ་གྱིས“ད་ལོ་ཡང་བྱིས་པ་དག་རང་རང་གི་ལས་དོན་ལ་བྲེལ་ཏེ་ཁོམ་གྱིན་མི་འདུག སྟོན་བསྡུ་བར་ཡོང་ཐུབ་རྒྱུ་མ་རེད”ཅེས་ཟེར་མོད། འུ་ཐུག་པའི་ཉམས་ཤིག་བཅོས་མིན་དུ་ཤར་བས་ང་སླར་ཡང་བསམ་གཞིག་གི་རྒྱ་རུ་ཚུད་པ་དང་མཉམ་དུ་དཀར་དམར་གློག་འོད་བཀྲ་བའི་གྲོང་ཁྱེར་གྱི་བཞི་མདོ་དེ་ན་ད་དུང་ཁ་ཕྱོགས་དང་དམིགས་ཡུལ་མེད་པར་རང་དགར་བྲེལ་བཞིན་པའི་མི་འགའ་ཞིག་གི་གྲིབ་གཟུགས་རབ་རིབ་ཏུ་མཐོང་བྱུང་།

编辑:黄南藏文报
3上一篇 下一篇4 朗读 放大  缩小  默认