黄南藏文报སློབ་རའི་གླུ་སྒྲ རྒས་གཉེར་དང་རྒྱབ་གཟུགས། ངའི་བྱིས་དུས་ཀྱི་རྩེད་གྲོགས། ངའི་ཨ་ཕ་དང་དུ་བ་།

第A7版:སློབ་རའི་གླུ་སྒྲ PDF原版PDF原版
pdf阅读器免费下载 版面导航
声明
3上一篇 下一篇4 2020 年 09 月 04 日 星期五   07

རྒས་གཉེར་དང་རྒྱབ་གཟུགས།

作者:ལྷ་མོ་ཚེ་རིང་། རེབ་གོང་རྫོང་མི་རིགས་སློབ་འབྲིང་། མ

ཟླ་ངོ་ཁ་ཤས་ལ་ཕ་ཡུལ་ནས་བསྡད་དེ་ད་ནི་སླར་ཡང་སྙིང་ཉེ་བའི་རྒས་གཉེར་དང་རྒྱབ་གཟུགས་དག་ལ་འབྲལ་དགོས་བྱུང་སོང་། ས་ཐག་རིང་ཐུང་གང་དུ་ཕྱིན་ཡང་། ཆེས་ཐོག་མར་སེམས་ལ་འཁོར་འོང་བ་ནི་ལོ་ཟླའི་རླུང་གིས་བརྐོས་པའི་ཨ་མའི་རྒས་གཉེར་དང་དུས་ཀྱི་ཕོ་ཉས་བདས་པའི་ཨ་ཕའི་རྒྱབ་གཟུགས་རེད། སེམས་ཁྲལ་དང་སྐྱོ་ཡུས་ཟུང་གིས་ལམ་ལ་ཆས་ཐེངས་རེར་མཐའ་མཇུག་གི་གྱེས་བརྡ་གཏོང་སའང་ཡིན།

ནམ་མཁའ་གཡའ་དག་ཅིང་ཉི་འོད་དྲོད་ཀྱིས་འཚེར་བའི་ཕ་ཡུལ་ནས་རི་ལུང་བུ་ཡུག་གིས་བཏུམས་ཤིང་ཁ་བ་ལྷབ་ལྷུབ་བབས་པའི་ལམ་བར་དུ། སྣང་བའི་ཁྱེའུ་ཆུང་གིས་ད་དུང་ཨ་ཕའི་རྒྱབ་གཟུགས་དང་ཨ་མའི་རྒས་གཉེར་ལ་ཅེར་བཞིན་ཁེར་རྐྱང་དུ་ལུས་འདུག མི་ཚེ་ཧྲིལ་པོ་དེ་ལྟར་བུ་ཕྲུག་ཚོའི་ཆེད་དུ་རྒས་ཤིང་འཁོགས་པར་གྱུར་བའི་རླབས་ཆེན་གྱི་མི་སྣ། ཆོས་ཉིད་ཀྱིས་ནམ་ཡང་སུ་ལ་གུ་ཡངས་དང་བཟོད་སྒོམ་མ་གནང་མོད། འདུ་འབྲལ་གྱིས་འདེད་ཐེངས་རེ་ལ། ན་ཟུག་ལ་དྭངས་མཐའ་ཡེ་ནས་མ་བྱུང་ལ་སྙིང་ཉེ་བའི་ཁྱེད་གཉིས་ཀྱི་བྱམས་ཟིལ་གྱི་ཐིགས་པ་རེ་རེས་བསྐྱངས་ཡོང་བའི་རང་གི་ལུས་རྟེན་འདིས་ཇི་ལྟར་ཁྱེད་ཀྱི་འདོད་བློ་ཚིམ་པའི་བུ་མོ་ཞིག་བྱེད་དགོས་སྐོར་འཆར་ཡན་དང་དངོས་ཡོད་འདྲེས་མའི་མནོ་བསམ་མང་པོ་བཏང་མྱོང་།

རང་ཡུལ་ནས་གཞན་ཡུལ་བརྒལ་ཏེ་ཨ་ཕའི་རྒྱབ་གཟུགས་དང་ཨ་མའི་རྒས་གཉེར་ཤུལ་དུ་ལུས་ཡོད། འཇིག་རྟེན་འཁོར་བའི་འཐོབ་བྱ་ཞིག་གི་དོན་དུ་ཉིན་མཚན་དབྱེར་མེད་དུ་ལེ་ལོ་དང་སྒྱིད་ལུག་གིས་མི་འཚོ་ཞིང་གཏན་དུ་བུ་ཕྲུག་ཚོའི་ཕྱོགས་སུ་གསོན་པའི་རྣམ་ཤེས་རླབས་ཆེན་དེ་ནི་རིན་པོ་ཆེ་གང་གིས་ཀྱང་མི་ཁུག་ཅིང་གནམ་སའི་བར་མཚམས་གང་དུའང་རྙེད་དཀའ་བའི་ཉི་ཟླའི་དོད་དུ་འཇོག་ཆོག་ཨང་། རྒས་གཉེར་དང་རྒྱབ་གཟུགས། ངས་བྲིས་མི་ཚར་བའི་བརྗོད་དོན་ཟབ་མོ། ངས་བཀླགས་མི་ཚར་བའི་སྒྲུང་གཏམ་རིང་མོ།

ཇི་སྲིད་དུ་རང་གི་སྒོ་གསུམ་གྱིས་འབད་པའི་བགོ་སྐལ་མཐའ་དག དེ་སྲིད་དུ་བུ་ཕྲུག་ཚོའི་ཕྱིར་དུ་ཕངས་མེད་ཀྱིས་སྩོལ་ངེས་པའི་ཕ་ལོ་དང་མ་ལོ་ནི་འཇིག་རྟེན་གྱི་སྒང་འདིར་ངས་རློམ་ཆོག་ཆོག་གི་ནང་མི་ངོ་མ་དེ་ཅི་ལ་མིན། བྱམས་བརྩེའི་མདངས་མ་ཉམས་པའི་རྒས་གཉེར་དེ། སྤོབས་སེམས་ཀྱི་གདེང་མ་རྒུད་པའི་རྒྱབ་གཟུགས་དེ། ཇི་ཙམ་རྒྱང་དུ་གྱེས་ན་དེ་ཙམ་དྲན་པ་ལྕི་ཨང་།

编辑:黄南藏文报
3上一篇 下一篇4 朗读 放大  缩小  默认