黄南藏文报སློབ་རའི་གླུ་སྒྲ རྒས་གཉེར་དང་རྒྱབ་གཟུགས། ངའི་བྱིས་དུས་ཀྱི་རྩེད་གྲོགས། ངའི་ཨ་ཕ་དང་དུ་བ་།

第A7版:སློབ་རའི་གླུ་སྒྲ PDF原版PDF原版
pdf阅读器免费下载 版面导航
声明
3上一篇 下一篇4 2020 年 09 月 04 日 星期五   07

ངའི་ཨ་ཕ་དང་དུ་བ་།

作者:ཤ་དབྱངས་འཕགས་སྐྱིད། རྨ་ལྷོ་ཁུལ་མི་རིགས་སློབ་འབྲ

ངའི་ཨ་ཕ་ལ་མཚོན་ན་དུ་བ་ནི་ནམ་ཡིན་རུང་ཁོའི་གྲིབ་མ་ལྟར་ས་གར་སོང་དེ་རུ་ཡོད།

ངའི་ཕྱིར་དྲན་གྱི་མེ་ལོང་ངོས་སུ་གསལ་ལེར་འཆར་འོང་བ་ནི་ཁོའི་གུང་མཛུབ་དང་དཀྱིལ་མཛུབ་གཉིས་ཀྱི་བར་དུ་དུ་བ་སྔོ་འཕྱུར་རེ་འོང་བཞིན་པ་དེ་རེད། དེ་ནི་ངའི་བྱིས་དུས་ཀྱི་འཚོ་བའི་ཁ་དོག་ཁྲོད་ཀྱི་མདོག་སྐྱ་བོ་དེ་ཡིན་སྲིད་ལ། ངེད་ཚང་གི་འཚོ་བའི་མཛེས་སྡུག་གི་རི་མོ་གསུབ་པའི་རྡུལ་རླུང་ཞིག་ཀྱང་ཡིན་ནོ།།

ཉིན་རེར། ཞོགས་པའི་ཉི་གཞོན་གྱི་འོད་ཟེར་ངེད་ཚང་གི་སྦྲ་ནག་གི་ཁ་ཚུབ་ལས་གསེག་འཕྲོ་བྱས་ཏེ་ཨ་ཕ་རྨི་ལམ་གྱི་ཞིང་ཁམས་ལས་སློང་དུས། དུ་རྐང་གཅིག་གིས་ཁོས་ཉིན་གཅིག་གི་འཚོ་བ་ལ་དབུ་ཁྱུད་བྲིས་ཏེ། མཆོད་བཤམས་དང་བསང་ཚ་གསུར་སོགས་ཉིན་གཅིག་གི་བྱ་བ་ལ་རིམ་པར་འཇུག་སྲིད།

སྲོལ་རྒྱུན་ཆོ་ག་སྒྲུབ་བཞིན་པའི་སྐབས་དེ་དག་ནི་ང་རང་ཆེས་དགའ་བའི་དུས་ཡིན། རྒྱུ་མཚན་ནི་སྐབས་དེ་དག་ཏུ་ཨ་ཕས་ནམ་ཡང་དུ་བ་འཐེན་མི་སྲིད་པས་སོ།། ཡིན་ནའང་སྲོལ་རྒྱུན་ཆོ་ག་བསྒྲུབས་ཚར་རྗེས་ཨ་ཕས་ཡང་བསྐྱར་དུ་བ་འཐེན་སྲིད་ལ། དེ་ནས་ནངས་ཇ་དང་དྲོས་ཇ། དགོང་ཟས་ཀྱི་སྔ་ཕྱིར་ཡང་དུ་བ་རྐང་གཅིག་རེ་འཐེན། དེ་ནི་ཨ་མས་སྨན་བསྟེན་པ་བཞིན་ནམ་ཡང་ཆད་མི་སྲིད། གང་ལྟར་ཉིན་གཅིག་ལ་དུ་རྐང་ག་ཚོད་འཐེན་པ་རྩིས་ཐོར་བཀོད་མ་མྱོང་ཡང་དུ་རྐང་རེ་རེས་ངའི་འཚོ་བ་ལ་བརྡབ་གསིག་གྲངས་མེད་སྦྱིན།

ཐེངས་རེར། ཨ་ཕས་དུ་བ་ཁ་ལ་འཛུགས་མགོ་བརྩམས་པ་དང་ཨ་མའི་སྡུག་སྨྲེ་གཉིས་དགོན་པའི་འཆམ་གྱི་སྐབས་སུ་འཆམ་པའི་རྐང་ལག་གི་སྟངས་སྟབས་དང་རྔ་སྒྲ་བཞིན་ནམ་ཡང་དུས་མཉམ་དུ་གྲུབ། དེ་ནི་ང་རང་ཆེས་སུན་པའི་མི་ཡུལ་གྱི་སྐྱོ་གར་རིང་མོ་ཡིན་ལ། ཚར་རྒྱུ་མེད་ཅིང་རྣ་ལ་གཟན་པའི་མཉམ་སྒྲོག་རོལ་མོ་ཞིག་དང་ཤིན་ཏུ་མཚུངས།

ངས་ཨ་ཕ་ལ་ཞུ་བ་ཞུས་ཞིང་ཨ་མ་ལ་མཐེ་བོང་བསྒྲེངས་པ་བགྲང་གིས་ག་ལ་ལངས། མཚམས་རེར་ཨ་ཕའི་སྟེང་ལ་ཁོང་ཁྲོ་ལངས་ཤིང་ཨ་མ་ལ་སུན་སྣང་སྐྱེས། ལོ་ཟླ་མང་པོ་ཤེས་མེད་ཚོར་མེད་ངང་རྒྱང་ནས་རྒྱང་ལ་བཞུད། སྙིང་རྗེ་མེད་པའི་ལོ་ཟླ་དང་དུ་བ་ཟེར་བའི་བདུད་རྒན་སོགས་རྐྱེན་དུ་མས་ཨ་ཕའི་གཟུགས་གཞི་ནི་ཉིན་རེ་བཞིན་ཇེ་རྒུད་ནས་ཇེ་རྒུད་དུ་གྱུར་ཅིང་གདོང་གི་གཉེར་མ་ཡང་ཇེ་མང་ནས་ཇེ་མང་དུ་གྱུར། དེ་དང་མཉམ་དུ་ཨ་མའི་སྐྲ་ལོ་ཡང་སྔར་ལས་ཇེ་དཀར་ནས་ཇེ་དཀར་དུ་གྱུར་ཅིང་། དགུན་དུས་ཀྱི་རྩྭ་སྐྱ་ལྟར་གསོན་ཤུགས་མེད་པར་གྱུར།

གལ་ཏེ་འཇིག་རྟེན་འདི་ན་དུ་བ་ཟེར་བའི་བདུད་རྒན་འདི་མེད་ཚེ། ཨ་ཕ་འདི་ལྟར་འགྲོས་མྱུར་བའི་སྒོ་ནས་རྒ་མི་སྲིད་ལ། ཨ་མའི་སྐྲ་ལོའང་སྔར་བཞིན་ནག་ཀྲིག་སེར་ཡོད་ངེས།

编辑:黄南藏文报
3上一篇 下一篇4 朗读 放大  缩小  默认